Thursday, September 23, 2010

ལྕགས་སྒྲོག

༡༽ ཤོག་དངུལ་རྐྱལ་བ་ཁུར་བའི་བླུན་པོའི་རྐང་པ། །཈མས་ཆུང་ཡོན་ཏན་ཅན་ཚོའི་སྟེང་ནས་བརིས་ཏྟེ། །བླ་རྫུན་ཚོན་པོ་དག་གི་ལོ་བའི་ལིད་ཤུགས། །གྲྭ་རྐྱང་ཐོས་བརོན་ཅན་ཚོའི་ག཈འ་བར་བཞག་འདུག། །
༢༽ ཕ་ཆོས་བདུད་རི་ཕར་དང་ཕར་ལ་བསྐྱལ་ནས། །ངན་དགུ་དུག་ཆང་ཚུར་དང་ཚུར་ལ་བསུས་བྱུང། །དྲང་བདྟེན་ཟླ་བ་དཀར་པོ་རྒས་པའི་ཤུལ་ན། །མུན་ནག་འདོམས་ལ་འཇལ་བའི་ཚུལ་འདི་སྐྱོ་ཨང། །
༣༽ ཡོད་ཚད་དངུལ་ལ་རྟེ་བའི་ལྕགས་སོག་འོག་ཏུ། །ཤྟེས་རིག་བཙོན་ལ་བཅུག་ནས་ལོ་མང་རྟེད་སོང། །བླུན་པོ་ཁྟེངས་པ་ཅན་གིས་གནོད་ཤུགས་ལྕི་བས། །བསམ་བློ་སྨག་གིས་ཟོས་ནས་ཡུན་རིང་འགོར་སོང། །
༤༽ དམ་ཆོས་ཐར་བའི་ཐྟེམ་སྐས་ཆག་གྲུབ་ཤོར་ནས། །སྟེམས་པ་འཁྱགས་པས་བསྡམས་པའི་དུས་ཚིགས་ཞིག་ལ། །རིག་གཞུང་གསྟེར་གི་ཐུར་མ་རོ་ལ་བརབ་ཟྟེར། །ཨག་སྐད་ཡང་ཡང་ཤོར་བ་བདྟེན་པ་ཡིན་ནམ། །
༥༽ ཚེ་སོག་འཆི་ལ་཈ྟེ་བའི་རིག་གཞུང་གཙང་མ། །ནང་དབུག་རང་གིས་བཅད་མཁན་བླ་རྫུན་མང་པོས། །དཀར་ནག་གོ་ཟློག་མང་པའི་དུས་རབས་ནང་དུ། །གསྟེར་ནག་ར་གན་བརྟེ་བའི་གཟིགས་བརིད་ངོམ་བྱུང། །
༦༽ ཁ་རྟེ་མར་གི་རིལ་བུ་གཞན་ལག་སྤྲད་དུས། །ཀླད་པ་དཀར་པོའི་ནང་ན་མུན་པ་འཐུབ་སོང། །རིན་བྲལ་རིགས་གཞུང་གཙང་མའི་རིན་ཐང་བརླག་དུས། །མགོ་བོ་སྐམ་པོའི་གསྟེང་ནས་ཆུ་བོ་ལུད་བྱུང་། །
༧༽ ཆགས་སྡང་གཟི་ཁ་བཙན་པོའི་རི་གོང་དྟེ་ནས། །རང་རློམ་ཁྟེངས་པ་ཅན་གིས་དུར་ས་སྲུང་ཟྟེར། །ནང་རོལ་སྟེམས་ཀི་དྲན་སྣང་དངུལ་གིས་བཟི་ཏྟེ། །རང་རྒྱལ་གཞན་ཕམ་མཐོན་པོ་རྟེ་རུ་འཛེག་སོང། །
༨༽ ཤཱཀ་ཐུབ་པ་རྒྱ་གར་ཡུལ་དུ་བཞུགས་ཀང། །བློ་བཟང་གགས་པ་ཁ་བ་ཅན་ལ་ཕྟེབས་ཀང། །ཡོད་ཚད་དངུལ་གིས་སོ་བའི་ནད་ཡམས་ལྕི་མོ། །བཟོད་དཀའི་གཅོང་ནད་འདི་ལ་བཅོས་ཐབས་མི་འདུག། །
༩༽ འཁྲུལ་སྣང་སོང་གིས་གཡོ་པའི་གོ་ལོག་ཞིག་གིས། །ཕ་མས་ཤུལ་བཞག་མུན་ནག་ཡུལ་དུ་རོངས་དུས། །རིན་ཆྟེན་ཚེ་སོག་དྲོད་མོ་ཐྟེང་དགུ་ཆད་ཅིང། །ཕངས་སྟེམས་འདི་ལས་ལྷག་པའི་ན་ཟུག་མི་འདུག། །
༡༠༽ ཡབ་མྟེས་སོང་གིས་བསྐྲུན་པའི་དམ་ཆོས་ནོར་བུ། །ཤུལ་མྟེད་ཕམ་ཚོང་བྱས་པ་རྣ་ལམ་ཐོས་དུས། །སྐྱོ་སྣང་དྲག་ཏུ་འཕོ་བའི་མིག་ཆུ་གཙང་པོ། །བཀག་ཀང་མ་ཁོག་མགིན་པའི་རྒྱུད་ནས་བཞུར་བྱུང། །
༡༡༽ སྟེམས་པ་སྐྱོ་སྣང་འཕྟེལ་བའི་཈ི་མ་རྟེ་ལ། །སྙན་ངག་ཐྟེན་ཐུན་བྲིས་ནས་སྟེམས་པ་གསོས་ཀང་། །སྙིང་གཏམ་རླུང་ལ་བསྐུར་བའི་འཕིན་ཡིག་རྟེ་རྟེ། །ལག་པའི་སྨྱུ་གུ་མ་གཏོགས་སུ་ཡིས་མི་ཤྟེས། །

དུས་རབས་ཉེར་གཅིག་པའི་བླ་མ།

༡༽ ལམ་མ་ནོར་ཐར་ལམ་སྟོན་པ་པོ། །གསུང་ཚད་མས་གདུལ་བྱ་སྐྱོང་མཛད་པའི། །སྐྱབས་བསླུ་མེད་ཟས་གཙང་སྲས་པོ་དེས། །དུས་སྙིག་མའི་འགྲོ་རྣམས་རྟག་ཏུ་གཟིགས། །
༢༽ དུས་དེང་སང་སྔར་དང་མིི་འདྲ་ཞིང་། །མིང་བླ་མས་བསྟན་པ་ཟན་ལ་རྗེ། །སྤྲུལ་རྫུན་མས་བསྟན་པ་ཚོང་ལ་བསྒྱུར། །ཆོས་རྣམ་དག་འབྱོར་བས་སྣུབ་ལ་ཉེ། །
༣༽ ཕ་ཁ་མཁས་བུ་རྣམས་སྤྲུལ་སྐུ་ཞེས། །བུ་ངོ་ཚ་མེད་ཚད་བླ་མ་བཟོས། །མ་སེམས་ཅན་རྫུན་གྱིས་མགོ་བོ་སྐོར། །ཆོས་བསྟན་པ་མི་འཛིན་ཐག་ཆོད་རེད། །
༤༽ ཕ་བླ་ལོག་རེ་ལ་སྨད་ཚོང་རེ། །མོ་གཅིག་གི་མི་ཚད་ལྔ་དྲུག་རེ། །མོ་རེ་ལ་བུ་སྤྲུལ་བཞི་ལྔ་རེ། །བུ་ཡོད་ཚད་ངོས་འཛིན་ཕ་ཡིས་བྱས། །
༥༽ ཕ་ཆགས་པ་ཆེ་བས་ལོག་གཡེམ་སྤྱད། །བུ་སྲེད་པ་ཅན་གྱི་སྤྲུལ་སྐུ་འཁྲུངས། །ཁྱི་དམར་མོའི་ཚང་བཞིན་སྤྲུལ་རྫུན་འཕེལ། །གཞི་སོ་ཐར་ཡོད་མཁན་མི་གཅིག་མེད། །
༦༽ བུ་རེ་ལ་རང་བཟོས་རྣམ་ཐར་རེ། །དེའི་ནང་ལ་སྐུ་འཕྲེང་བཅུ་ཁ་རེ། །སྐུ་རེ་ལ་གྲུབ་རྟགས་ཡོད་རབ་ཀྱི། །རྫུན་སྒྲིག་པའི་པོ་ཏི་ཆེན་པོ་རེ། །
༧༽ ཕ་བླ་མ་ལོག་ན་དགོས་པ་ཡིན། །བུས་སྨད་ཚོང་གཡབ་ན་མཛད་འཕྲིན་ཡིན། །ཁོ་དད་ཚད་དམྱལ་བ་མི་གཏོང་ཟེར། །མི་མགོ་སྐོར་གཏོང་བ་ཚད་གཅིག་མེད། །
༨༽ དེས་མི་ཚད་འབུལ་བ་བཟང་བས་ན། །རྒྱུ་ཆེན་པོའི་བུ་རྣམས་སྤྲུལ་སྐུ་བཟོས། །བུ་སྐྱེ་བ་བཟང་ལུགས་ལུང་གང་བཤད། །སྔོན་ཆོས་ཀྱི་འགྲོ་ལུགས་གོ་ལོག་སྡེབ། །
༩༽ དཔལ་ན་ལེཎྜ་སོགས་ཆོས་སྡེ་ཁག །གསུང་མཁས་ལ་པཎ་ཆེན་པཎ་ཆུང་ཞེས། །ཤེས་ཡོན་ཀྱིས་མཚན་སྟོད་ཕུལ་བ་ལས། །རྒྱུ་སུ་ཆེ་བླ་སྤྲུལ་གནང་རབ་མེད། །
༡༠༽ རྗེ་བློ་བཟང་གྲགས་པ་ཡབ་སྲས་སོགས། །མཚན་སྙན་གྲགས་འཛམ་གླིང་ཁྱབ་པ་འདི། །བརྒྱུད་ལུང་རྟོགས་བསྟན་པ་སྤེལ་བ་ལས། ། ཕ་མགོ་བདེས་སྤྲུལ་སྐུ་བཟོས་པ་མིན། །
༡༡༽ སྔོན་ཇོ་བོ་དཔལ་ལྡན་ཨ་ཏི་ཤས། །བཀའ་གདམ་ངག་རིམ་པ་ཀུན་ཚང་ལམ། །ལས་རྒྱུ་འབྲས་བག་ཡོད་མཛད་པ་ལས། །གཉེན་བུ་ཚ་སྤྲུལ་བཟོས་མ་གནང་གདའ། །
༡༢༽ རྗེ་གུང་ཐང་མི་ལ་རས་པ་དེས། །ཚེ་གཅིག་ལ་དགྲ་བཅོམ་འགྲུབ་པ་ཡིས། །རང་དཀའ་སྤྱད་གདམས་ངག་ལེན་པ་ལས། །གྲོགས་རྒྱུ་ཆེན་རྐུབ་ལ་མ་རྒྱུག་གདའ། །
༡༣༽ སྔོན་སྐྱེས་ཆེན་དམ་པའི་རྣམ་ཐར་གཟིགས། །རྗེ་བླ་སྤྲུལ་ག་འདྲ་ཡིན་མིན་སོམས། །ཆོས་བསྟན་པ་སྤེལ་ལུགས་གང་རེད་ལྟོས། །ནོར་མི་ཉན་ཆོས་བྱེད་གངས་ཅན་པ། །
༡༤༽ ཡང་དགོས་སུ་བླ་སྤྲུལ་རྫུན་མའི་ཉོན། །མ་འགྲོ་བའི་བདེ་སྐྱིད་བསྐྲུན་པའི་ཐབས། །ཆོས་དམ་ཆོས་སྙིང་གི་ནོར་བུ་འདི། །ཆོས་ཆོས་བཞིན་སྤྱོད་ཅིག་སྙིང་ནས་རེ། །
༡༥༽ ཕ་བླ་ལོག་རིགས་རྒྱུད་ཆད་པར་ཤོག །ཆོས་ངེས་དོན་ཀུན་གྱི་ཤེས་པར་ཤོག །མ་སེམས་ཅན་མགོ་ཐོམ་སངས་བར་ཤོག །དོན་བདེན་པའི་རང་གཟུགས་སྣང་བར་ཤོག །
རྗེ་གུང་ཐང་བས་ཆོས་རྣམ་དག་མི་བྲིན་ཟང་ཟིང་བྲིན། གསུང་བ་བཞིན་ཆོས་མིན་གྱིས་ཆོས་པ་དམན་ས་གཡུག་ཞིང་། རྒྱ་བོད་ཡུལ་གྲུ་ཀུན་ཏུ་བླ་གྲྭལ་རྫུན་མའི་དག་གིས་ཕ་ཤུལ་བུ་འཛིན་གྱིས་དམ་ཆོས་ཚོང་རྫས་སུ་བསྒྱུར་བ་འདུལ་འཛིན་སྐྱེས་ཆེན་རྣམས་ཐུགས་སུན། ཞེ་ཁྲེལ། བློ་ཕམས། ཡིད་མུག་སྟེ་དུས་ནས་དུས་སུ་དེ་ལྟར་མི་གནང་རྒྱུས་འབོད་སྐུལ་ཞུས་པ་གསན་འཇོག་ལྟ་ཅི་ཁྱད་གསོད་ལྟ་བུ་བྱེད་བཞིན་མཐོང་ནས་འདི་ལྟར་བྲིས་པ་ཡིན།

ངའི་བླ་མ།།

ལྔ་བདོ་སྨག་གིས་བསྐོར་བའི་འཛིན་མའི་ཁྱོན། །དམ་ཆོས་འོད་དཀར་གསལ་མཛད་ངའི་བླ་མ། །བསམ་བཞིན་འགྲོ་བའི་དོན་དུ་ཐུགས་བསྐྱེད་པས། །མཁན་ཟུར་འཇམ་དབྱངས་བརྩོན་འགྲུས་རྟག་ཏུ་དད། །
དང་པོ་སྐུ་འཕྲེང་མང་པོའི་རྣམ་ཐར་མེད། །མཐམ་མ་རྫུན་རྐུབ་རྡོལ་བའི་མཛད་འཕྲིན་མེད། །ཡང་དག་ལམ་མཆོག་ཞིག་ལ་རྡོག་ཁ་གཏད། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དད་ལྡན་མགོ་བོ་སྐོར་བའི་རྫུན་གཏམ་མེད། །གཞན་སེམས་བསླུ་བའི་བཅོས་མིན་འཛུམ་བག་མེད། །སྔོན་བྱོན་དམ་པའི་རྐང་རྗེས་འཚོལ་བ་ཡི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བསྟན་པ་ཚོང་ལ་བསྒྱུར་བའི་ཁོག་རྩིས་མེད། །འགྲོ་རྣམས་ལོག་ལམ་ཁྲིད་པའི་ནུས་མཐུ་མེད། །སྟོང་ཉིད་བྱང་ཆུབ་མཆོག་ལ་དབང་བསྒྱུར་བའི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཆོལ་ཁ་ཆོས་ལུགས་དཀྲུགས་པའི་སྤྱང་གྲུང་མེད། །དགོན་སྡེ་མི་རིགས་གཏོར་བའི་ངན་ཇུས་མེད། །དམ་ཚིག་ཞི་བའི་འོད་སྣང་རྟག་ཏུ་འཚེར། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དཀོར་ཟས་མཛེས་རྒྱན་ཀླུབས་པའི་ཆུང་མ་མེད། །རིན་ཆེན་རྒྱན་ཆ་འདོགས་པའི་སྲས་མོ་མེད། །རི་དྭགས་རྨས་མ་བཞིན་དུ་གཅིག་པོར་གནས། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དགའ་རོགས་གསར་དུ་སྒྲིག་པའི་སྙིང་སྡུག་མེད། །དམར་སེར་ངུར་སྨྲིག་སྦུབ་ཏུ་གསང་ཡུམ་མེད། །གླེགས་བམས་པོ་ཏི་ཞིག་གི་ཚེ་རོགས་ཅན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དམ་སྲི་འདྲེ་གདུག་བརྟེན་པའི་ཉམས་རྟོགས་མེད། །གསང་སྔགས་དུས་མིན་སྒྲོགས་པའི་བཀའ་བབས་མེད། །བཀའ་གདམས་གོང་མའི་རྣམ་ཐར་ལྷུར་ལེན་པའི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཛེས་མ་གསང་ཡུམ་ཉར་བའི་གདམས་ངག་མེད། །གཉིས་སྦྱོར་འཁྲིག་སྤྱོད་བྱེད་པའི་གྲུབ་རྟགས་མེད། །འདུལ་ཁྲིམས་གཙང་མ་ཞིག་གིས་ཆོག་ཤེས་འཛིན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རྒྱ་ཡུལ་སྦྱིན་བདག་འཚོལ་བའི་སྤྲུལ་མིང་མེད། །དགའ་སྐྱིད་ཐུགས་སྤྲོ་ཕེབས་པའི་དུས་ཚོད་མེད། །སློབ་ཁྲིད་གཅིག་པོའི་སྐུ་ཚེ་རྫོགས་པ་ཡི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
གསོལ་མགྲོན་འབོད་པའི་རྒྱ་མོ་སྦྱིན་བདག་མེད། །མཚན་འཚོགས་ཁྲིད་པའི་བོད་མོ་མཛེས་མ་མེད། །ཁེར་རྐྱང་སྤྲོས་བྲལ་ཞི་བའི་དབྱིངས་སུ་མནལ། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཛེས་མ་མགྲོན་དུ་འགུགས་པའི་མན་ངག་མེད། །ཆོས་སྣམ་ཡལ་བར་འདོར་བའི་སྙིང་སྟོབས་མེད། །བསྟན་པ་རྣམ་དག་ཞིག་གིས་འཚོ་བ་ཡི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཐ་མག་ཆང་རག་མཆོད་པའི་གོམས་གཤིས་མེད། །ཆ་ལུགས་འདྲ་མིན་རྗེ་བའི་བརྗིད་ཉམས་མེད། །སྟོན་པའི་བཅའ་ཁྲིམས་གཙང་མ་སྲོག་བཞིན་སྲུང༌། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཞིམ་མངར་སྣེ་མང་རོལ་བའི་ལྗགས་རིང་མེད། །ཉ་ཕག་སྦལ་ལྕོང་མཆོད་པའི་མཆེ་བ་མེད། །རྩམ་སྐྱ་ཕུར་བ་གང་གི་ཆོག་ཤེས་པའི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཐོབ་ཅན་ངོ་སྲུང་མཁས་པའི་རྔ་མ་མེད། །འབྱོར་ལྡན་འཕོངས་ཚོས་ལྡག་པའི་ལྕེ་རྩལ་མེད། །ཞི་དུལ་
ཆོས་པ་ཞིག་གི་བརྟུལ་ཞུགས་འཛིན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རང་རིགས་བཙན་གྱིས་རྡུང་བའི་ཐོ་བ་མེད། །རྒྱུ་ནོར་ཐོབ་པར་འདོད་པའི་ཧམ་སེམས་མེད། །མཁས་མཛངས་ཞི་དུལ་སྤྱོད་པས་མལ་ས་འཛིན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དབང་ཐོབ་ཆེན་པོ་དག་གིས་འགོ་འདྲེན་མེད། །སྟོབས་ཆེན་དཔུང་གདང་སྒྲིག་པའི་རྒྱབ་རྩ་མེད། །ཆེ་དགུའི་གཙུག་གི་ཏོག་ཏུ་གྱུར་བ་ཡི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཤེལ་ཁྲ་ཐོག་བརྩེགས་ཅན་གྱི་གཟིམས་ཤག་མེད། །མགྱོགས་འགྲོས་རླུང་འཁོར་སོགས་ཀྱི་ཆིབས་པ་མེད། །ཀོ་ལྷ་ཟད་པོ་ཞིག་གིས་ཆོག་ཤེས་འཛིན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བཞུགས་ན་སྐུ་འཁོར་མང་པོས་ཞབས་ཕྱི་མེད། །ཕེབས་ན་གཉེན་ཚན་མང་པོས་སྐྱོར་མ་མེད། །ཁེར་སྐྱང་དགེ་སློང་ཞིག་གིས་རྣམ་ཐར་བསྐྱངས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
འདོད་པའི་ཕྱག་གིས་སྐྱོང་བའི་གཉེན་ཚན་མེད། །མི་འདོད་ཡལ་བར་འདོར་བའི་འགྲོ་བ་མེད། །མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་བས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རྟོགས་པ་འཁྲུངས་བའི་རྣམ་ཐར་ཁྱབ་བསྒྲགས་མེད། །རང་བསྟོད་གླུ་ཚིག་གྱེར་བའི་བརྙན་སྡེར་མེད། །ས་འོག་གསེར་གྱི་འོད་མདངས་ནམ་མཁར་འཕྲོས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཐོ་ཚད་འཛུམ་གྱིས་བསུ་བའི་གཡོ་ཁྲམ་མེད། །དམན་ཚད་དགྲ་རུ་ལྟ་བའི་དཔའ་སྙིང་མེད། །མ་གྱུར་གཅེས་པར་འཛིན་པའི་བྱམས་སེམས་ཅན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བརྩེ་ཆེན་སྤྱན་རས་གཟིགས་ཀྱི་དག་པའི་ཞིང༌། །བདེ་ལྡན་ཞིང་མགོན་ཞབས་ཀྱི་བཅགས་པའི་གནས། །མདོ་ཁམས་ཞྭ་སེར་རང་ལུགས་འཛིན་པའི་སྡེར། །ཨེ་མ་ཁྱེད་དང་མཇལ་བ་སྐལ་བ་བཟང༌། །
སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་དུས། །ཡང་དག་དམ་ཆོས་ནུབ་ལ་ཕྱོགས་པའི་ཚེ། །སྐྱེ་དགུའི་འགྲོ་རྣམས་ཕན་དང་བདེ་བའི་གཞིར། །མགོན་ཁྱོད་བསྟན་པའི་འགན་འཁྲིས་ཕྲག་ན་ལྕི། །
ཁྱེད་ནི་ལྔ་བདོ་འགྲོ་བའི་སྐྱབས་གནས་ཡིན། །ཁྱེད་ནི་བསྟན་པ་ཡོངས་ཀྱི་སྲོག་ཤིང་ཡིན། །ཁྱེད་ནི་ངེས་པ་དོན་གྱི་བླ་མ་ཡིན། །བསྟན་འཛིན་ཁྱེད་ཉིད་སྐུ་ཚེ་བརྟན་གྱུར་ཅིག །
བདག་གི་ལྷད་མེད་སེམས་ཀྱིས་འབོད་ལགས་ན། །བསྟན་སྲུང་ཚོགས་ཀྱིས་སྲུང་སྐྱོབས་གཡེལ་མེད་མཛོད། །ཚེ་ཡི་ལྷ་མཆོག་དག་གིས་སྐུ་ཚེ་སྲིངས། །མདོར་ན་འགྲོ་བའི་མགོན་ཁྱོད་ཞབས་བརྟན་གསོལ། །
ངེས་དོན་གྱི་འདུལ་འཛིན་པ་ཆེན་པོ་མཁར་ནང་མཁན་ཟུར་འཇམ་དབྱངས་བརྩོན་འགྲུས་མཆོག་གིས་མཛད་པའི་རྣམ་ཐར་རེ་རེ་དྲན་སྣང་དུ་འཆར་ཚེ། །ཡ་ཁུངས་ནང་གི་མི་འདོད་པའི་སྨུག་སྤྲིན་མཐའ་དག་ཡལ་འགྲོ་ཞིང༌། །དད་དུང་འཁྲུལ་མེད་ཅིག་གིས་ཡིད་སིམ་པར་གྱུར། །ད་དུང་འཛམ་གླིང་འདི་དང་ལྷག་པར་རི་བོ་གངས་ཅན་པའི་བསོད་ནམས་ཀྱི་ཞིང་ས་རུ་སྨིན་ཟིན་པའི་འབྲས་བུ་ཞིག་ཡོད་པ་ཚོར་ངེས།

ཡ་མཚན་དངོས་བྱུང་།

༡༽ རྣམ་དཔྱོད་བློ་གྲོས་ཁབ་ཀྱི་མིག་ལྟར་དོག །ཚེ་ཚེ་ར་བཞིན་མཐོན་པོར་སྙེགས་ལ་དགའ། །སྐྱབས་འགྲོ་མེད་པའི་བླ་གྲྭ་རྫུན་མ་འགའ། །ཚོགས་དབུས་ཁྲི་སྟེང་འཛེགས་པ་ཡ་མཚན་རེད། །
༢༽ ཉེ་རང་དོན་དུ་ཆགས་པའི་ཆུ་བོ་རྒྱུག །གཞན་ལ་ཐུག་ན་སྡང་བའི་མེ་ལྕེ་འབར། །མི་ཚེ་རྫུན་གྱིས་མགོ་བོ་སྐོར་བའི་བུ། །སྐྱེས་ཆེན་དམ་པར་གྱུར་བ་ཡ་མཚན་རེད། །
༣༽ བཤད་ན་དྲངས་བདེན་ཚིག་གཅིག་ཁ་ན་མེད། །བྲིས་ན་རང་གི་ས་རྟགས་མི་ཤེས་པའི། །ཤེས་རིག་རྨོངས་པའི་མུན་པ་འཐིབས་པའི་བུ། །དམ་ཆོས་འཆད་མཁན་གྱུར་བ་ཡ་མཚན་རེད། །
༤༽ དད་རྫས་དཀོར་གྱིས་ཁྱིམ་ཚང་ཕྱུག་པོ་བཟོས། །བསྔོ་རྟེན་བསྡུས་པས་རླུང་འཁོར་རྫིག་པོ་ཉོས། །རྒྱུ་འབྲས་མེད་པའི་ཕལ་རྒན་མངོན་སུམ་པ། །ཆོས་པའི་དབུ་ཁྲིད་གྱུར་བ་ཡ་མཚན་རེད། །
༥༽ རྐུ་མ་ཇག་པའི་ཁུག་འགོ་ནང་ནས་སྦས། །སྐུ་རྟེན་གསུང་རྟེན་ཚོང་འགོ་ཕྱི་ནས་འཁྲིད། །ནག་པོའི་ཁྲིམས་འགལ་མང་བའི་ཉེས་ཅན་པ། །བཀའ་བཀོད་ཁྲིམས་བདག་གྱུར་བ་ཡ་མཚན་རེད། །
༦༽ ཉིན་མོ་མགོ་སྐོར་འོག་ཏུ་དཔལ་འབྱོར་བསྡུས། །མཚན་མོ་མུན་ནག་ནང་ནས་སྨད་འཚོང་རུམ། །འབུལ་ཟོག་བཤས་ལ་ཕབ་མཁན་ཤན་པའི་བུ། །རབ་བྱུང་སྤྲུལ་སྐུར་གྱུར་བ་ཡ་མཚན་རེད། །
༧༽ གཟན་ཤམ་དམར་པོའི་སྦུབ་ན་བུ་ཕྲུག་གསོ། །ཆོས་གོས་སེར་པོ་ཕག་ནས་དུད་ཆང་གཉེར། །དམ་ཚིག་སྡོམ་པ་ཤོར་བའི་དམ་ཉམས་དེ། །སྐྱོབས་པའི་སྐྱབས་སུ་གྱུར་བ་ཡ་མཚན་རེད། །
༨༽ རྩ་ཐིག་རླུང་གསུམ་ཟེར་བ་རྣ་ཐོས་མེད། །གཞི་ལམ་འབྲས་གསུམ་ཟེར་བ་མཐོང་མྱོང་མེད། །མདོ་སྔགས་གཞུང་ལུགས་གང་ཡང་མི་ཤེས་མཁན། །མཁན་ཁྲིའི་མིང་བྱང་ཁུར་བ་ཡ་མཚན་རེད། །
༩༽ རྩ་བ་བཞི་བོ་རྩ་བ་རྨང་ནས་མེད། །ལྷག་མ་བཅུ་གསུམ་ལྷག་མ་མེད་པར་ཤོར། །ལྟུང་བྱེད་དགུ་བཅུའི་ལྟུང་བ་རི་ལྟར་བརྩེགས། །ད་དུང་དགེ་སློང་ཡིན་པ་ཡ་མཚན་རེད། །
༡༠༽ སྤྲུལ་སྐུ་རྫུན་མས་སྤྲུལ་སྐུ་ཡིན་རབ་བཤད། །ནང་ཆོས་རྩ་བ་ནང་ནས་མེད་པར་བྱས། །ཁ་བའི་སྙན་གྲགས་ཁ་ཟས་ཆེད་དུ་བཙོང་། །རང་མགོ་རང་གིས་རྡུང་བ་ཡ་མཚན་རེད། །
༡༡༽ ཚེ་ལོ་བཅུ་བའི་ཚེ་ཚད་ཐོན་པའམ། །དུས་ངན་སྙིགས་མའི་དུས་ཚོད་ཤར་བ་རེད། །བླ་མ་རྫུན་མས་བླ་སྨད་འཁྲབ་ལུགས་འདི། །མཛད་འཕྲིན་སྙན་གྲགས་གྱུར་བ་ཡ་མཚན་རེད། །
འཇིག་རྟེན་སྲིད་པ་ཆགས་ནས་ད་བར་མཐོོང་མ་མྱོང་མཁན་སངས་རྒྱས་དང་བླ་མ་སྤྲུལ་སྐུ་ཡིན་ཟེར་བ་ལུང་རྟོགས་ཀྱི་ཡོན་ཏན་ལྟ་ཅི་ཀ་ངོ་ར་ངོ་ཙམ་ཡང་མི་ཆོད་ཀྱང་རང་ཉིད་སངས་རྒྱས་ཀྱི་སྤྲུལ་བར་བསྒྲགས། བླ་མ་དང་སྤྲུལ་སྐུའི་མིང་ཁུར། མཁན་པོ་དང་ཁྲི་བའི་ཁྲི་སྟེང་དུ་འཛེག ད་དུང་ཆོས་གཏམ་བཤད་དེ་ཧམ་སེམས་ཁོ་ནས་མགོ་བོ་སྐོར། དཀོར་ནག་འབག་ཟོས་བྱས། མནར་མེད་དུ་སྐྱེ་བའི་རྒྱུ་སྒྲུབ་མཁན་ཡ་མཚན་ཅན་ཤིན་ཏུ་མང་བས་དེ་དག་རྟ་ཁ་གཡང་གཟར་ནས་བསྒྱུར་རྒྱུ་རེ་བ་ཞིག་ཁ་ནས་བྲིས་པ་ཡིན། །
མཁར་ནང་བ་གྲྭ་ལྷ་ལུང་བསྟན་འཛིན་རབ་དགའ་ནས་བྲིས། །

ངེས་དོན་གྱི་བླ་མ།

༡༽ སྐྱབས་སུ་འཆིའོ་མཁན་ཟུར་རྡོ་རྗེ་འཆང་། །ཐུགས་རྗེས་གཟིགས་ཤིག་ངེས་དོན་བླ་མ་ལགས། །འཇིག་རྟེན་མུན་པའི་སྨག་རུམ་འཐིབས་པའི་དུས། །སྲིད་པའི་མུན་སེལ་སྒྲོན་མེ་ཁྱོད་ལ་འདུད། །
༢༽ ཁ་བ་གངས་རིས་སྐོར་བའི་ཞིང་ཁམས་ན། །སྙན་གྲགས་ཕྱོགས་མཐར་ལྡིར་པའི་གདོང་དམར་བོད། །ཆོས་སྲིད་ཉམས་ངའི་གཡང་སར་ལྷུང་དུས་འདིར། །རང་ཆོས་རང་གིས་སྣུབ་པ་ཅི་ཡིས་ནོངས། །
༣༽ སྔ་དུས་བསྟན་འཛིན་གཅིག་ལས་གཅིག་མཁས་ཡིན། །སྒྲུབ་པ་ཉམས་ལེན་གཅིག་ལས་གཅིག་ཡག་ཡིན། །འཆད་རྩོད་རྩོམ་སོགས་གཅིག་ལས་གཅིག་བཟང་ཡིན། །སེམས་པ་ཞི་བསིལ་ཆོས་ཀྱི་འཚོ་བཞིན་ཡོད། །
༤༽ དེང་སང་འབྱོར་བའི་དོན་དུ་བླ་མ་སྨྱོ། །མིང་དང་སྙན་གྲགས་ཁོ་ནས་དོན་དུ་བརྩོན། །དམ་ཆོས་རྩོད་ན་གཅིག་ལས་གཅིག་སྡུག་ཡིན། །སྒྲུབ་པ་ཉམས་ལེན་གཅིག་ལས་གཅིག་སྐྱོ་ཡིན། །
༥༽ འདུལ་འཛིན་ཕལ་ཆེ་ཞི་བའི་དབྱིངས་སུ་བཞུད། །དམ་ཆོས་ཉི་མ་རི་བོའི་ཕྲག་ཏུ་ནུབ། །དེང་སྐབས་ཆོས་མིན་ངན་སྤྱོད་མཚོ་ལྟར་རྡོལ། །སྐྱབས་ས་གཞན་ལ་མེད་དོ་ཐུགས་རྗེས་གཟིགས། །
༦༽ ཆོས་བྱེད་ཕལ་ཆེ་རྒྱུ་དང་འབྱོར་བའི་བཟི། །བླ་སྤྲུལ་ཕལ་ཆེ་མཛེས་མའི་མངལ་ལ་སྨྱོ། །བསྟན་པ་མིང་ཙམ་གྱུར་བའི་དུས་རབས་འདིར། །ཁྱེད་ནི་བསྟན་པའི་འགན་ཁུར་ཤིན་ཏུ་ལྕི། །
༧༽ ཁྱེད་ནི་དངུལ་དང་རྒྱུ་ལ་མ་ཆགས་ཤིང་། །འཁོར་བའི་ཁྱིམ་གཞི་ཕྱོགས་ལ་ཞེན་ལོག་སྟེ། །རང་ཉིད་གཅིག་པོར་བརྩེ་གཅིག་སྒྲུབ་ལ་གོམ། །ཆོས་པ་ཞིག་གི་མཚན་དེ་ཁྱོད་ལ་མཛའ། །
༨༽ མཁས་པའི་སྙན་གྲགས་འཚོལ་བ་མ་ཡིན་པར། །ཆོས་པའི་མིང་ཙམ་རེ་ནས་བསྒྲུབས་མིན་པར། །རྣམ་དག་ཆོས་པ་ཞིག་གིས་འགན་ཁུར་ནས། །སྒྲུབ་པའི་ཉམས་ལེན་བརྩོན་པ་ཡི་རང་ཡོད། །
༩༽ བསྟན་པ་ཉག་ཕྲ་གྱུར་བ་མ་བཟོད་ནས། །དུས་བཞི་དབྱེར་མེད་རྩེ་གཅིག་སྒྲུུབ་ལ་བརྩོན། །མཇལ་ཙམ་ཉིད་ནས་དད་པའི་སྤུ་ལངས་གཡོ། །བཀའ་དྲིན་ཆེའོ་འགྲོ་བའི་མགོན་པོ་ལགས། །
༡༠༽ རྒན་པ་ཕལ་ཆེ་ཆོས་བརྒྱད་དབང་དུ་སོང་། །ན་གཞོན་ཕལ་ཆེ་གཡེང་བའི་དུས་ཀྱིས་འཁྱེར། །རྩེ་གཅིག་རྣམ་དག་སྒྲུབ་མཁན་དཀོན་ཙམ་གདའ། །ཁྱེད་མིན་སྐྱབས་ཞིག་གང་ལ་འཚོལ་དུ་འགྲོ། །
༡༡༽ ལས་སྣེ་ཕལ་ཆེ་ཕྲག་དོག་གདོན་གྱིས་བརླམས། །འཇིགས་སྐུལ་སྒེར་གཅོད་འོག་ཏུ་ཁྲི་ས་རྩོད། །ཁྱེད་ནི་ལྟ་སྤྱོད་དེ་དང་རིང་དུ་དགར། ། དེ་ཕྱིར་ཁྱོད་ལ་རྗེས་སུ་ཡི་རང་ཤོར། །
༡༢༽ རྒྱལ་བསྟན་སྤྱི་དང་རི་བོ་དགེ་ལྡན་པའི། །བཤད་སྒྲུབ་བསྟན་པའི་བ་གམ་མཐོན་པོའི་རྩེར། །ལུང་རིགས་དར་ཆེན་ཕྱོགས་བཅུར་བསྒྲེང་མཛད་པའི། །ངོ་མཚར་ཟླ་མེད་ཁྱེད་ལ་མི་གུས་སུ། །
༡༣༽ ཀྱེ་མ་བླ་མ་བཞུགས་པའི་ཞབས་དྲུང་ནས། །ཆོས་ཀྱི་བཀའ་དྲིན་ནོད་པའི་སྐལ་བ་དབེན། །སྐྱབས་མེད་བདག་ལ་ཐུགས་བརྩེ་ཆེན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། །
༡༤༽ སྙིགས་དུས་འགྲོ་རྣམས་ཚེ་ཐུང་བག་མེད་གཡེང་། །རྐྱེན་ངན་ངོ་སོ་ཆེ་བའི་དུས་རབས་འདིར། །སྐྱོབས་པའི་སྐྱབས་གཅིག་མཁན་ཟུར་རྡོ་རྗེ་འཆང་། །མགོན་ཁྱོད་དུས་རྣམས་ཀུན་ཏུ་མི་འབྲལ་ཤོག །
མཁར་ནང་མཁན་ཟུར་རིན་པོ་ཆེ་རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དུས་ངན་འདི་ལྟ་བུ་ཞིག་གི་ནང་བྱང་ཆུབ་སེམས་པའི་མཛད་སྤྱོད་ལ་ཞུགས་ཤིང་མགོན་མེད་དུ་གྱུར་བའི་མཁར་ནང་སྡེ་དགོན་གཉིས་ཀའི་སྐྱབས་ཀྱི་ཕ་དང་མགོན་གྱི་མ་ལྟ་བུ་གྱུར་བ་རྗེས་སུ་ཡི་རང་དང་མགོན་ཁྱེད་ཀྱི་སྐྱབས་འོག་ནས་ཚེ་རབས་ཐམས་ཅད་དུ་མི་འདོར་བའི་སྨོན་འདུན་ཤུགས་དྲགས་དང་བཅས། །
མཁར་ནང་གྲྭ་ལྷ་ལུང་པ་བསྟན་འཛིན་རབ་དགའ་བྲིས། །

ཞབས་བརྟན་གསོལ་འདེབས།

༡༽ ཨཱྃ་སྭ་སྟི། །དཀར་གསལ་ཀུན་མཛེས་ཡིད་འོང་གཞོན་ནུའི་གར། །ཚེ་ཡི་མཆོད་སྦྱིན་ཀུན་སྩོལ་ལྷག་པའི་ལྷ། །དུས་མིན་སྐྱེ་འཆི་མ་ལུས་འཇོམས་མཛད་མ། །ཚེ་ཡི་ལྷ་མཆོག་ཚེ་དཔག་མེད་པས་སྐྱོོངས། །
༢༽ རྒྱལ་ཀུན་ཐུགས་རྗེས་ལས་འཁྲུངས་མི་ཡི་ཚུལ། །སྲིད་གསུམ་སྐྱེ་བོ་ཀུན་གྱི་གཙུག་གི་ནོར། །བྷོ་ཊའི་ལྗོངས་ན་དགེ་བའི་བཤེས་སུ་སྟོན། །ངེས་དོན་འདུལ་འཛིན་ཆེན་པོར་ཞབས་བརྟན་ཤོག །
༣༽ ཆུང་ནས་གཞུང་མང་ཐོས་པའི་རབ་ཕྱུག་ཅིང་། །གཞུང་དོན་ཚུལ་བཞིན་བསམ་དང་སྒོམ་པ་ཡི། །ཉམས་རྟོགས་མཁྱེན་པའི་དཔལ་ཡོན་རྫོགས་མཛད་པའི། །སྐྱེས་མཆོག་འགྲོ་བའི་མགོན་པོར་ཞབས་བརྟན་ཤོག །
༤༽ ཀུན་བཟང་སྤྱོད་པས་འགྲོ་ཀུན་དྭངས་བ་འདྲེན། །མཁྱེན་བརྩེའི་མཐའ་བྲལ་འཇམ་དབྱངས་རྗེས་སུ་བསྙེག ། བརྩོན་འགྲུས་སྦྱིན་སོགས་བྱང་ཆུབ་སེམས་པ་དངོས། །བརྩེ་ཆེན་རྗེ་བཙུན་བླ་མར་ཞབས་བརྟན་ཤོག །
༥༽ མདོ་སྔགས་རྒྱུད་སྡེའི་གཞུང་ལུགས་ཀུན་ལ་མཁས། །སླབས་གསུམ་འདུལ་ཁྲིམས་གཙང་མའི་ཡལ་འདབ་བཙུན། །འགྲོ་ཀུན་ཕན་བདེའི་ཞི་དུལ་སྤྱོད་པ་བཟང་། །བསྟན་འགྲོའི་དཔལ་མགོན་ཆེན་པོར་ཞབས་བརྟན་ཤོག །
༦༽ འཆད་པས་རྒྱལ་བསྟན་ཉི་འོད་བཞིན་དུ་གསལ། །རྩོད་པས་བསྟན་ལ་ལོག་སྨྲའི་སྤོབས་པ་བཅོམས། །རྩོམ་པས་གསུང་རབ་ཀུན་གྱི་ཕྱི་མཐའ་བསྲིངས། །ངེས་དོན་བསྟན་འཛིན་ཆེན་པོར་ཞབས་བརྟན་ཤོག །
༧༽ སྣང་གསུམ་རྒྱུད་གསུམ་གསང་སྔགས་རིམ་པའི་གནད། །རྩ་ཐིག་རླུང་ཁམས་གྲོལ་བའི་ཕྱག་རྒྱ་ཆེ། །སྐུ་བཞིའི་ཡེ་ཤེས་མངོན་གསུམ་བརྙེས་མཛད་པའི། །ཁྱབ་བདག་འཁོར་ལོའི་མགོན་པོ་ཞབས་བརྟན་ཤོག །
༨༽ ཐུབ་བསྟན་སྤྱི་དང་བློ་བཟང་གྲགས་པའི་ལུགས། །བཤད་སྒྲུབ་ལས་ཀྱི་འཁོར་ལོ་ཕྱོགས་བརྒྱར་སྤེལ། །ལུང་རྟོགས་བསྟན་པའི་འོད་སྣང་གསལ་མཛད་པའི། །བཙུན་མཆོག་རྟ་བདུན་དབང་པོར་ཞབས་བརྟན་ཤོག །
༩༽ བསླུ་མེད་སྐྱབས་གསུམ་ཀུན་འདུས་བྱིན་ཆེན་དང་། །རྟེན་འབྱུང་ངང་ཚུལ་བསམ་མི་ཁྱབ་པའི་མཐུ། །བླ་སློབ་དད་དམ་འགྱུར་མེད་བདེན་སྟོབས་ཀྱིས། །སྨོན་པའི་དོན་ཀུན་གེགས་མེད་འགྲུབ་གྱུར་ཅིག །
ཅེས་པ་འདི་ནི་མཁར་ནང་སོ་མཁན་ཟུར་རིན་པོ་ཆེ་རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དགུང་གྲངས་བདུན་ཅུ་དོན་གཉིས་ལ་ཕེབས་ཤིང་ཕྱི་ལོ་དགུང་སྐེག་ཁེལ་བས་སྐུའི་གསུང་གསུམ་ལ་འགལ་རྐྱེན་གྱི་ཆ་ཕྲ་མོ་ཙམ་ཡང་མ་རེད་པར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་འཚོ་བཞུགས་ཡོང་བར་མཆོག་གསུམ་ལ་གསོལ་བཏབ་ཀྱིས་ཞབས་བརྟན་གསོལ་འདེབས་སུ་སྨྲོས་པའོ། མཁར་ནང་སོ་དགོན་གྱི་གྲྭ་མཐར་འཛིན་པ་གྱི་ན་བ་བསྟན་འཛིན་རབ་དགའ་པས་དད་གུས་དང་བཅས་སྨྲོས་པ་འདིའི་ཀྱང་བསྟན་འགྲོའི་ཕན་བདེ་ཡུན་རིང་དུ་གནས་པའི་རྒྱུ་གྱུར་ཅིག

Friday, May 28, 2010

Tsewang Lhamo & Pema / Tashi Luyang

རྗེ་བཙུན་སྒྲོལ་མའི་བསྟོད་པ།


སྟོན་དུས་ཉ་གང་འོད་དཀར་འཛུམ་པའི་སྐུ། །དབྱངས་སྙན་བྱེ་བ་ཟིལ་གྱིས་གནོན་པའི་གསུང་། །
བྱམས་བརྩེས་འཕྲིན་ལས་གློག་ལྟར་འགྱུ་བའི་ཐུགས། །རྒྱལ་ཡུམ་ཏཱ་རེ་མ་ཁྱོད་སྙིང་ཁམས་རོལ། །
ཚེ་རབས་སྔོན་མའི་ལས་ཀྱིས་འབྲེལ་བའི་ལྷ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །
ཡིད་ཆེས་དད་མདུན་དྲགས་པོས་འབོད་ལགས་ན། །འཕྲིན་ལས་མ་གཡེལ་མྱུལ་དུ་སྒྲུམས་ཤིག་ཀྱེ། །