༡༽ སྐྱབས་སུ་འཆིའོ་མཁན་ཟུར་རྡོ་རྗེ་འཆང་། །ཐུགས་རྗེས་གཟིགས་ཤིག་ངེས་དོན་བླ་མ་ལགས། །འཇིག་རྟེན་མུན་པའི་སྨག་རུམ་འཐིབས་པའི་དུས། །སྲིད་པའི་མུན་སེལ་སྒྲོན་མེ་ཁྱོད་ལ་འདུད། །
༢༽ ཁ་བ་གངས་རིས་སྐོར་བའི་ཞིང་ཁམས་ན། །སྙན་གྲགས་ཕྱོགས་མཐར་ལྡིར་པའི་གདོང་དམར་བོད། །ཆོས་སྲིད་ཉམས་ངའི་གཡང་སར་ལྷུང་དུས་འདིར། །རང་ཆོས་རང་གིས་སྣུབ་པ་ཅི་ཡིས་ནོངས། །
༣༽ སྔ་དུས་བསྟན་འཛིན་གཅིག་ལས་གཅིག་མཁས་ཡིན། །སྒྲུབ་པ་ཉམས་ལེན་གཅིག་ལས་གཅིག་ཡག་ཡིན། །འཆད་རྩོད་རྩོམ་སོགས་གཅིག་ལས་གཅིག་བཟང་ཡིན། །སེམས་པ་ཞི་བསིལ་ཆོས་ཀྱི་འཚོ་བཞིན་ཡོད། །
༤༽ དེང་སང་འབྱོར་བའི་དོན་དུ་བླ་མ་སྨྱོ། །མིང་དང་སྙན་གྲགས་ཁོ་ནས་དོན་དུ་བརྩོན། །དམ་ཆོས་རྩོད་ན་གཅིག་ལས་གཅིག་སྡུག་ཡིན། །སྒྲུབ་པ་ཉམས་ལེན་གཅིག་ལས་གཅིག་སྐྱོ་ཡིན། །
༥༽ འདུལ་འཛིན་ཕལ་ཆེ་ཞི་བའི་དབྱིངས་སུ་བཞུད། །དམ་ཆོས་ཉི་མ་རི་བོའི་ཕྲག་ཏུ་ནུབ། །དེང་སྐབས་ཆོས་མིན་ངན་སྤྱོད་མཚོ་ལྟར་རྡོལ། །སྐྱབས་ས་གཞན་ལ་མེད་དོ་ཐུགས་རྗེས་གཟིགས། །
༦༽ ཆོས་བྱེད་ཕལ་ཆེ་རྒྱུ་དང་འབྱོར་བའི་བཟི། །བླ་སྤྲུལ་ཕལ་ཆེ་མཛེས་མའི་མངལ་ལ་སྨྱོ། །བསྟན་པ་མིང་ཙམ་གྱུར་བའི་དུས་རབས་འདིར། །ཁྱེད་ནི་བསྟན་པའི་འགན་ཁུར་ཤིན་ཏུ་ལྕི། །
༧༽ ཁྱེད་ནི་དངུལ་དང་རྒྱུ་ལ་མ་ཆགས་ཤིང་། །འཁོར་བའི་ཁྱིམ་གཞི་ཕྱོགས་ལ་ཞེན་ལོག་སྟེ། །རང་ཉིད་གཅིག་པོར་བརྩེ་གཅིག་སྒྲུབ་ལ་གོམ། །ཆོས་པ་ཞིག་གི་མཚན་དེ་ཁྱོད་ལ་མཛའ། །
༨༽ མཁས་པའི་སྙན་གྲགས་འཚོལ་བ་མ་ཡིན་པར། །ཆོས་པའི་མིང་ཙམ་རེ་ནས་བསྒྲུབས་མིན་པར། །རྣམ་དག་ཆོས་པ་ཞིག་གིས་འགན་ཁུར་ནས། །སྒྲུབ་པའི་ཉམས་ལེན་བརྩོན་པ་ཡི་རང་ཡོད། །
༩༽ བསྟན་པ་ཉག་ཕྲ་གྱུར་བ་མ་བཟོད་ནས། །དུས་བཞི་དབྱེར་མེད་རྩེ་གཅིག་སྒྲུུབ་ལ་བརྩོན། །མཇལ་ཙམ་ཉིད་ནས་དད་པའི་སྤུ་ལངས་གཡོ། །བཀའ་དྲིན་ཆེའོ་འགྲོ་བའི་མགོན་པོ་ལགས། །
༡༠༽ རྒན་པ་ཕལ་ཆེ་ཆོས་བརྒྱད་དབང་དུ་སོང་། །ན་གཞོན་ཕལ་ཆེ་གཡེང་བའི་དུས་ཀྱིས་འཁྱེར། །རྩེ་གཅིག་རྣམ་དག་སྒྲུབ་མཁན་དཀོན་ཙམ་གདའ། །ཁྱེད་མིན་སྐྱབས་ཞིག་གང་ལ་འཚོལ་དུ་འགྲོ། །
༡༡༽ ལས་སྣེ་ཕལ་ཆེ་ཕྲག་དོག་གདོན་གྱིས་བརླམས། །འཇིགས་སྐུལ་སྒེར་གཅོད་འོག་ཏུ་ཁྲི་ས་རྩོད། །ཁྱེད་ནི་ལྟ་སྤྱོད་དེ་དང་རིང་དུ་དགར། ། དེ་ཕྱིར་ཁྱོད་ལ་རྗེས་སུ་ཡི་རང་ཤོར། །
༡༢༽ རྒྱལ་བསྟན་སྤྱི་དང་རི་བོ་དགེ་ལྡན་པའི། །བཤད་སྒྲུབ་བསྟན་པའི་བ་གམ་མཐོན་པོའི་རྩེར། །ལུང་རིགས་དར་ཆེན་ཕྱོགས་བཅུར་བསྒྲེང་མཛད་པའི། །ངོ་མཚར་ཟླ་མེད་ཁྱེད་ལ་མི་གུས་སུ། །
༡༣༽ ཀྱེ་མ་བླ་མ་བཞུགས་པའི་ཞབས་དྲུང་ནས། །ཆོས་ཀྱི་བཀའ་དྲིན་ནོད་པའི་སྐལ་བ་དབེན། །སྐྱབས་མེད་བདག་ལ་ཐུགས་བརྩེ་ཆེན་པོ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། །
༡༤༽ སྙིགས་དུས་འགྲོ་རྣམས་ཚེ་ཐུང་བག་མེད་གཡེང་། །རྐྱེན་ངན་ངོ་སོ་ཆེ་བའི་དུས་རབས་འདིར། །སྐྱོབས་པའི་སྐྱབས་གཅིག་མཁན་ཟུར་རྡོ་རྗེ་འཆང་། །མགོན་ཁྱོད་དུས་རྣམས་ཀུན་ཏུ་མི་འབྲལ་ཤོག །
མཁར་ནང་མཁན་ཟུར་རིན་པོ་ཆེ་རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དུས་ངན་འདི་ལྟ་བུ་ཞིག་གི་ནང་བྱང་ཆུབ་སེམས་པའི་མཛད་སྤྱོད་ལ་ཞུགས་ཤིང་མགོན་མེད་དུ་གྱུར་བའི་མཁར་ནང་སྡེ་དགོན་གཉིས་ཀའི་སྐྱབས་ཀྱི་ཕ་དང་མགོན་གྱི་མ་ལྟ་བུ་གྱུར་བ་རྗེས་སུ་ཡི་རང་དང་མགོན་ཁྱེད་ཀྱི་སྐྱབས་འོག་ནས་ཚེ་རབས་ཐམས་ཅད་དུ་མི་འདོར་བའི་སྨོན་འདུན་ཤུགས་དྲགས་དང་བཅས། །
མཁར་ནང་གྲྭ་ལྷ་ལུང་པ་བསྟན་འཛིན་རབ་དགའ་བྲིས། །
Thursday, September 23, 2010
Subscribe to:
Post Comments (Atom)
No comments:
Post a Comment