༡༽ རྣམ་དཔྱོད་བློ་གྲོས་ཁབ་ཀྱི་མིག་ལྟར་དོག །ཚེ་ཚེ་ར་བཞིན་མཐོན་པོར་སྙེགས་ལ་དགའ། །སྐྱབས་འགྲོ་མེད་པའི་བླ་གྲྭ་རྫུན་མ་འགའ། །ཚོགས་དབུས་ཁྲི་སྟེང་འཛེགས་པ་ཡ་མཚན་རེད། །
༢༽ ཉེ་རང་དོན་དུ་ཆགས་པའི་ཆུ་བོ་རྒྱུག །གཞན་ལ་ཐུག་ན་སྡང་བའི་མེ་ལྕེ་འབར། །མི་ཚེ་རྫུན་གྱིས་མགོ་བོ་སྐོར་བའི་བུ། །སྐྱེས་ཆེན་དམ་པར་གྱུར་བ་ཡ་མཚན་རེད། །
༣༽ བཤད་ན་དྲངས་བདེན་ཚིག་གཅིག་ཁ་ན་མེད། །བྲིས་ན་རང་གི་ས་རྟགས་མི་ཤེས་པའི། །ཤེས་རིག་རྨོངས་པའི་མུན་པ་འཐིབས་པའི་བུ། །དམ་ཆོས་འཆད་མཁན་གྱུར་བ་ཡ་མཚན་རེད། །
༤༽ དད་རྫས་དཀོར་གྱིས་ཁྱིམ་ཚང་ཕྱུག་པོ་བཟོས། །བསྔོ་རྟེན་བསྡུས་པས་རླུང་འཁོར་རྫིག་པོ་ཉོས། །རྒྱུ་འབྲས་མེད་པའི་ཕལ་རྒན་མངོན་སུམ་པ། །ཆོས་པའི་དབུ་ཁྲིད་གྱུར་བ་ཡ་མཚན་རེད། །
༥༽ རྐུ་མ་ཇག་པའི་ཁུག་འགོ་ནང་ནས་སྦས། །སྐུ་རྟེན་གསུང་རྟེན་ཚོང་འགོ་ཕྱི་ནས་འཁྲིད། །ནག་པོའི་ཁྲིམས་འགལ་མང་བའི་ཉེས་ཅན་པ། །བཀའ་བཀོད་ཁྲིམས་བདག་གྱུར་བ་ཡ་མཚན་རེད། །
༦༽ ཉིན་མོ་མགོ་སྐོར་འོག་ཏུ་དཔལ་འབྱོར་བསྡུས། །མཚན་མོ་མུན་ནག་ནང་ནས་སྨད་འཚོང་རུམ། །འབུལ་ཟོག་བཤས་ལ་ཕབ་མཁན་ཤན་པའི་བུ། །རབ་བྱུང་སྤྲུལ་སྐུར་གྱུར་བ་ཡ་མཚན་རེད། །
༧༽ གཟན་ཤམ་དམར་པོའི་སྦུབ་ན་བུ་ཕྲུག་གསོ། །ཆོས་གོས་སེར་པོ་ཕག་ནས་དུད་ཆང་གཉེར། །དམ་ཚིག་སྡོམ་པ་ཤོར་བའི་དམ་ཉམས་དེ། །སྐྱོབས་པའི་སྐྱབས་སུ་གྱུར་བ་ཡ་མཚན་རེད། །
༨༽ རྩ་ཐིག་རླུང་གསུམ་ཟེར་བ་རྣ་ཐོས་མེད། །གཞི་ལམ་འབྲས་གསུམ་ཟེར་བ་མཐོང་མྱོང་མེད། །མདོ་སྔགས་གཞུང་ལུགས་གང་ཡང་མི་ཤེས་མཁན། །མཁན་ཁྲིའི་མིང་བྱང་ཁུར་བ་ཡ་མཚན་རེད། །
༩༽ རྩ་བ་བཞི་བོ་རྩ་བ་རྨང་ནས་མེད། །ལྷག་མ་བཅུ་གསུམ་ལྷག་མ་མེད་པར་ཤོར། །ལྟུང་བྱེད་དགུ་བཅུའི་ལྟུང་བ་རི་ལྟར་བརྩེགས། །ད་དུང་དགེ་སློང་ཡིན་པ་ཡ་མཚན་རེད། །
༡༠༽ སྤྲུལ་སྐུ་རྫུན་མས་སྤྲུལ་སྐུ་ཡིན་རབ་བཤད། །ནང་ཆོས་རྩ་བ་ནང་ནས་མེད་པར་བྱས། །ཁ་བའི་སྙན་གྲགས་ཁ་ཟས་ཆེད་དུ་བཙོང་། །རང་མགོ་རང་གིས་རྡུང་བ་ཡ་མཚན་རེད། །
༡༡༽ ཚེ་ལོ་བཅུ་བའི་ཚེ་ཚད་ཐོན་པའམ། །དུས་ངན་སྙིགས་མའི་དུས་ཚོད་ཤར་བ་རེད། །བླ་མ་རྫུན་མས་བླ་སྨད་འཁྲབ་ལུགས་འདི། །མཛད་འཕྲིན་སྙན་གྲགས་གྱུར་བ་ཡ་མཚན་རེད། །
འཇིག་རྟེན་སྲིད་པ་ཆགས་ནས་ད་བར་མཐོོང་མ་མྱོང་མཁན་སངས་རྒྱས་དང་བླ་མ་སྤྲུལ་སྐུ་ཡིན་ཟེར་བ་ལུང་རྟོགས་ཀྱི་ཡོན་ཏན་ལྟ་ཅི་ཀ་ངོ་ར་ངོ་ཙམ་ཡང་མི་ཆོད་ཀྱང་རང་ཉིད་སངས་རྒྱས་ཀྱི་སྤྲུལ་བར་བསྒྲགས། བླ་མ་དང་སྤྲུལ་སྐུའི་མིང་ཁུར། མཁན་པོ་དང་ཁྲི་བའི་ཁྲི་སྟེང་དུ་འཛེག ད་དུང་ཆོས་གཏམ་བཤད་དེ་ཧམ་སེམས་ཁོ་ནས་མགོ་བོ་སྐོར། དཀོར་ནག་འབག་ཟོས་བྱས། མནར་མེད་དུ་སྐྱེ་བའི་རྒྱུ་སྒྲུབ་མཁན་ཡ་མཚན་ཅན་ཤིན་ཏུ་མང་བས་དེ་དག་རྟ་ཁ་གཡང་གཟར་ནས་བསྒྱུར་རྒྱུ་རེ་བ་ཞིག་ཁ་ནས་བྲིས་པ་ཡིན། །
མཁར་ནང་བ་གྲྭ་ལྷ་ལུང་བསྟན་འཛིན་རབ་དགའ་ནས་བྲིས། །
Thursday, September 23, 2010
Subscribe to:
Post Comments (Atom)
No comments:
Post a Comment