ལྔ་བདོ་སྨག་གིས་བསྐོར་བའི་འཛིན་མའི་ཁྱོན། །དམ་ཆོས་འོད་དཀར་གསལ་མཛད་ངའི་བླ་མ། །བསམ་བཞིན་འགྲོ་བའི་དོན་དུ་ཐུགས་བསྐྱེད་པས། །མཁན་ཟུར་འཇམ་དབྱངས་བརྩོན་འགྲུས་རྟག་ཏུ་དད། །
དང་པོ་སྐུ་འཕྲེང་མང་པོའི་རྣམ་ཐར་མེད། །མཐམ་མ་རྫུན་རྐུབ་རྡོལ་བའི་མཛད་འཕྲིན་མེད། །ཡང་དག་ལམ་མཆོག་ཞིག་ལ་རྡོག་ཁ་གཏད། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དད་ལྡན་མགོ་བོ་སྐོར་བའི་རྫུན་གཏམ་མེད། །གཞན་སེམས་བསླུ་བའི་བཅོས་མིན་འཛུམ་བག་མེད། །སྔོན་བྱོན་དམ་པའི་རྐང་རྗེས་འཚོལ་བ་ཡི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བསྟན་པ་ཚོང་ལ་བསྒྱུར་བའི་ཁོག་རྩིས་མེད། །འགྲོ་རྣམས་ལོག་ལམ་ཁྲིད་པའི་ནུས་མཐུ་མེད། །སྟོང་ཉིད་བྱང་ཆུབ་མཆོག་ལ་དབང་བསྒྱུར་བའི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཆོལ་ཁ་ཆོས་ལུགས་དཀྲུགས་པའི་སྤྱང་གྲུང་མེད། །དགོན་སྡེ་མི་རིགས་གཏོར་བའི་ངན་ཇུས་མེད། །དམ་ཚིག་ཞི་བའི་འོད་སྣང་རྟག་ཏུ་འཚེར། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དཀོར་ཟས་མཛེས་རྒྱན་ཀླུབས་པའི་ཆུང་མ་མེད། །རིན་ཆེན་རྒྱན་ཆ་འདོགས་པའི་སྲས་མོ་མེད། །རི་དྭགས་རྨས་མ་བཞིན་དུ་གཅིག་པོར་གནས། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དགའ་རོགས་གསར་དུ་སྒྲིག་པའི་སྙིང་སྡུག་མེད། །དམར་སེར་ངུར་སྨྲིག་སྦུབ་ཏུ་གསང་ཡུམ་མེད། །གླེགས་བམས་པོ་ཏི་ཞིག་གི་ཚེ་རོགས་ཅན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དམ་སྲི་འདྲེ་གདུག་བརྟེན་པའི་ཉམས་རྟོགས་མེད། །གསང་སྔགས་དུས་མིན་སྒྲོགས་པའི་བཀའ་བབས་མེད། །བཀའ་གདམས་གོང་མའི་རྣམ་ཐར་ལྷུར་ལེན་པའི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཛེས་མ་གསང་ཡུམ་ཉར་བའི་གདམས་ངག་མེད། །གཉིས་སྦྱོར་འཁྲིག་སྤྱོད་བྱེད་པའི་གྲུབ་རྟགས་མེད། །འདུལ་ཁྲིམས་གཙང་མ་ཞིག་གིས་ཆོག་ཤེས་འཛིན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རྒྱ་ཡུལ་སྦྱིན་བདག་འཚོལ་བའི་སྤྲུལ་མིང་མེད། །དགའ་སྐྱིད་ཐུགས་སྤྲོ་ཕེབས་པའི་དུས་ཚོད་མེད། །སློབ་ཁྲིད་གཅིག་པོའི་སྐུ་ཚེ་རྫོགས་པ་ཡི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
གསོལ་མགྲོན་འབོད་པའི་རྒྱ་མོ་སྦྱིན་བདག་མེད། །མཚན་འཚོགས་ཁྲིད་པའི་བོད་མོ་མཛེས་མ་མེད། །ཁེར་རྐྱང་སྤྲོས་བྲལ་ཞི་བའི་དབྱིངས་སུ་མནལ། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཛེས་མ་མགྲོན་དུ་འགུགས་པའི་མན་ངག་མེད། །ཆོས་སྣམ་ཡལ་བར་འདོར་བའི་སྙིང་སྟོབས་མེད། །བསྟན་པ་རྣམ་དག་ཞིག་གིས་འཚོ་བ་ཡི། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཐ་མག་ཆང་རག་མཆོད་པའི་གོམས་གཤིས་མེད། །ཆ་ལུགས་འདྲ་མིན་རྗེ་བའི་བརྗིད་ཉམས་མེད། །སྟོན་པའི་བཅའ་ཁྲིམས་གཙང་མ་སྲོག་བཞིན་སྲུང༌། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཞིམ་མངར་སྣེ་མང་རོལ་བའི་ལྗགས་རིང་མེད། །ཉ་ཕག་སྦལ་ལྕོང་མཆོད་པའི་མཆེ་བ་མེད། །རྩམ་སྐྱ་ཕུར་བ་གང་གི་ཆོག་ཤེས་པའི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཐོབ་ཅན་ངོ་སྲུང་མཁས་པའི་རྔ་མ་མེད། །འབྱོར་ལྡན་འཕོངས་ཚོས་ལྡག་པའི་ལྕེ་རྩལ་མེད། །ཞི་དུལ་
ཆོས་པ་ཞིག་གི་བརྟུལ་ཞུགས་འཛིན། ། གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རང་རིགས་བཙན་གྱིས་རྡུང་བའི་ཐོ་བ་མེད། །རྒྱུ་ནོར་ཐོབ་པར་འདོད་པའི་ཧམ་སེམས་མེད། །མཁས་མཛངས་ཞི་དུལ་སྤྱོད་པས་མལ་ས་འཛིན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
དབང་ཐོབ་ཆེན་པོ་དག་གིས་འགོ་འདྲེན་མེད། །སྟོབས་ཆེན་དཔུང་གདང་སྒྲིག་པའི་རྒྱབ་རྩ་མེད། །ཆེ་དགུའི་གཙུག་གི་ཏོག་ཏུ་གྱུར་བ་ཡི། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
ཤེལ་ཁྲ་ཐོག་བརྩེགས་ཅན་གྱི་གཟིམས་ཤག་མེད། །མགྱོགས་འགྲོས་རླུང་འཁོར་སོགས་ཀྱི་ཆིབས་པ་མེད། །ཀོ་ལྷ་ཟད་པོ་ཞིག་གིས་ཆོག་ཤེས་འཛིན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བཞུགས་ན་སྐུ་འཁོར་མང་པོས་ཞབས་ཕྱི་མེད། །ཕེབས་ན་གཉེན་ཚན་མང་པོས་སྐྱོར་མ་མེད། །ཁེར་སྐྱང་དགེ་སློང་ཞིག་གིས་རྣམ་ཐར་བསྐྱངས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
འདོད་པའི་ཕྱག་གིས་སྐྱོང་བའི་གཉེན་ཚན་མེད། །མི་འདོད་ཡལ་བར་འདོར་བའི་འགྲོ་བ་མེད། །མཉམ་ཉིད་ཉེ་རིང་གཟིགས་པ་མི་མངའ་བས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
རྟོགས་པ་འཁྲུངས་བའི་རྣམ་ཐར་ཁྱབ་བསྒྲགས་མེད། །རང་བསྟོད་གླུ་ཚིག་གྱེར་བའི་བརྙན་སྡེར་མེད། །ས་འོག་གསེར་གྱི་འོད་མདངས་ནམ་མཁར་འཕྲོས། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
མཐོ་ཚད་འཛུམ་གྱིས་བསུ་བའི་གཡོ་ཁྲམ་མེད། །དམན་ཚད་དགྲ་རུ་ལྟ་བའི་དཔའ་སྙིང་མེད། །མ་གྱུར་གཅེས་པར་འཛིན་པའི་བྱམས་སེམས་ཅན། །གྲྭ་རྐྱང་ཉམ་ཆུང་ཁྱེད་ལ་བདག་གིས་དད། །
བརྩེ་ཆེན་སྤྱན་རས་གཟིགས་ཀྱི་དག་པའི་ཞིང༌། །བདེ་ལྡན་ཞིང་མགོན་ཞབས་ཀྱི་བཅགས་པའི་གནས། །མདོ་ཁམས་ཞྭ་སེར་རང་ལུགས་འཛིན་པའི་སྡེར། །ཨེ་མ་ཁྱེད་དང་མཇལ་བ་སྐལ་བ་བཟང༌། །
སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་དུས། །ཡང་དག་དམ་ཆོས་ནུབ་ལ་ཕྱོགས་པའི་ཚེ། །སྐྱེ་དགུའི་འགྲོ་རྣམས་ཕན་དང་བདེ་བའི་གཞིར། །མགོན་ཁྱོད་བསྟན་པའི་འགན་འཁྲིས་ཕྲག་ན་ལྕི། །
ཁྱེད་ནི་ལྔ་བདོ་འགྲོ་བའི་སྐྱབས་གནས་ཡིན། །ཁྱེད་ནི་བསྟན་པ་ཡོངས་ཀྱི་སྲོག་ཤིང་ཡིན། །ཁྱེད་ནི་ངེས་པ་དོན་གྱི་བླ་མ་ཡིན། །བསྟན་འཛིན་ཁྱེད་ཉིད་སྐུ་ཚེ་བརྟན་གྱུར་ཅིག །
བདག་གི་ལྷད་མེད་སེམས་ཀྱིས་འབོད་ལགས་ན། །བསྟན་སྲུང་ཚོགས་ཀྱིས་སྲུང་སྐྱོབས་གཡེལ་མེད་མཛོད། །ཚེ་ཡི་ལྷ་མཆོག་དག་གིས་སྐུ་ཚེ་སྲིངས། །མདོར་ན་འགྲོ་བའི་མགོན་ཁྱོད་ཞབས་བརྟན་གསོལ། །
ངེས་དོན་གྱི་འདུལ་འཛིན་པ་ཆེན་པོ་མཁར་ནང་མཁན་ཟུར་འཇམ་དབྱངས་བརྩོན་འགྲུས་མཆོག་གིས་མཛད་པའི་རྣམ་ཐར་རེ་རེ་དྲན་སྣང་དུ་འཆར་ཚེ། །ཡ་ཁུངས་ནང་གི་མི་འདོད་པའི་སྨུག་སྤྲིན་མཐའ་དག་ཡལ་འགྲོ་ཞིང༌། །དད་དུང་འཁྲུལ་མེད་ཅིག་གིས་ཡིད་སིམ་པར་གྱུར། །ད་དུང་འཛམ་གླིང་འདི་དང་ལྷག་པར་རི་བོ་གངས་ཅན་པའི་བསོད་ནམས་ཀྱི་ཞིང་ས་རུ་སྨིན་ཟིན་པའི་འབྲས་བུ་ཞིག་ཡོད་པ་ཚོར་ངེས།
Thursday, September 23, 2010
Subscribe to:
Post Comments (Atom)
No comments:
Post a Comment